📍 山南市
微信公众微信公众号

ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དཔྱད་གླེང་། ༢

2026/02/08 8.9k 阅读 117 点赞


འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་འཕར་ལ་དམིགས་ཏེ། 

བློ་བརྟན་འགྱུར་མེད་ཀྱིས་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

—— གྲོང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད།


གྲོང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུ་འདི་ལོ་ལྔ་ཚན་འཆར་གཞི་བཅུ་བཞི་པ་ཐུགས་གྲ་འགྲིག་པོས་མཇུག་བསྡུས་ཤིང་། ལོ་ལྔ་ཚན་འཆར་གཞི་བཅུ་ལྔ་པ་འགོ་ཡག་པོ་འཛུགས་པའི་འགག་རྩའི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུས་2025ལོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་ཡག་པོ་བྱས་པ་དང་འབྲེལ། 2026ལོའི་དཔལ་འབྱོར་ལས་དོན་གྱི་དམིགས་ཚད་ལས་འགན་བཀོད་སྒྲིག་ཚན་རིག་དང་མཐུན་པ་བྱས་ནས། ལྷོ་ཁ་གྲོང་ཁྱེར་གྱི་འབྱུང་འགྱུར་དུས་སྐབས་ཤིག་གི་འཕེལ་རྒྱས་ལ་འདུ་འགོད་བཤམས་པ་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཚོགས་འདུས། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་འཕར་ལ་དམ་ཟབ་དམིགས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཉིད་ལས་འགན་གཙོ་བོ་ཁག་བདུན་གྲས་ལ་བརྩིས་ནས་བཀོད་སྒྲིག་བྱས་ཡོད་པ་ལས། གྲོང་ཨུད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་དང་དུས་མཚམས་རང་བཞིན་གྱི་གྲོང་ཁྱེར་གནས་ཚུལ་ཁྱད་གཤིས་ལ་རྒྱས་མངའ་གནད་སྨིན་བྱས་པ་མཚོན་པ་མ་ཟད། ལྷོ་ཁའི་དཔལ་འབྱོར་སྤུས་འབོར་མཐོར་འདེགས་ནུས་ལྡན་མངོན་འགྱུར་ཆེད་སྐུལ་འདེད་གཏོང་བར་འགག་རྩའི་བྱ་ཐབས་ཤིག་ཀྱང་ལགས།

ཐོན་ལས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ནི། དཔལ་འབྱོར་གྱི་ཉེན་ཁར་ཁ་གཏད་གཅོག་པ་དང་བརྟན་ཐོག་གོང་འཕེལ་ཐུབ་པའི་སྒྲོམ་གཞི་འགྱུར་མེད་ཅིག་རེད། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དཔལ་འབྱོར་བརྟན་ཐོག་ཡར་ཐོན་ལ་ཕྱོགས་པའི་རྣམ་པ་སྲ་བརྟན་དང་རྒྱ་སྐྱེད་རྒྱུན་མཐུད་ཡོང་དགོས་ཞེས་ཁ་གསལ་བསྟན་ཡོད་ལ། རང་རྒྱལ་གྱི་ཐོན་ལས་མ་ལག་ཆ་ཚང་བའི་དགེ་མཚན་བེད་སྤྱོད་ཡག་པོ་བྱེད་དགོས་པའི་ནན་བཤད་བྱས་ཡོད། བརྡར་ཤ་གལ་ཆེན་འདིས་ལྷོ་ཁར་མཛུབ་སྟོན་དོན་སྙིང་ཆེན་པོ་ལྡན། ལྷོ་ཁ་ནི་ས་མཐོར་གནས་ཤིང་། ཐུན་མིན་གྱི་འཕེལ་རྒྱས་ཆ་རྐྱེན་འཛོམས་པ་དང་། ཕྱི་རོལ་ཁོར་ཡུག་འགྱུར་བ་མང་ལ་རྙོག་འཛིང་ཆེ་བ་བཅས་ཡིན་གཤིས། རྨང་གཞི་བརྟན་ལ། ཁྱད་ཆོས་མངོན་པར་འཕགས་པ། འགུལ་རྣམ་རིམ་སྤོར་བཅས་ཚང་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་འཛུགས་སྐྱོང་བྱེད་ཙ་ན། གཞི་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ཐུབ་པའི་ཁར། མངོན་མིན་མངོན་གྱི་ཉེན་ཁ་འདྲ་མིན་འགྲན་སློང་ལ་ཁ་གཏད་སྣང་དག་མེད་པར་གཅོག་ཐུབ། གྲོང་ཨུད་དཔལ་འབྱོར་ལས་དོན་ཚོགས་འདུས་ཐོན་ལས་མ་ལག་འཐུས་ཚང་འཛུགས་སྐྱོང་བྱེད་རྒྱུ་འདི། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་འཕར་ཡོང་བའི་གནས་བབ་གལ་ཆེན་ཐོག་བཞག་ཅིང་།  རང་ངོས་ཀྱི་ཐོན་ཁུངས་དགེ་མཚན་དང་ལེགས་ཆ་དག་འཕེལ་རྒྱས་ཕན་འདོགས་པའི་མཐུན་རྐྱེན་བཟང་པོར་འགྱུར་བའི་བྱེད་པའི་འཐབ་ཇུས་ཀྱི་བདམ་ག་རེད།

ཐོན་ལས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བར་ངེས་པར་དུ་ཡུལ་བབ་དང་བསྟུན་ནས་དངོས་ཐོག་བདེན་འཚོལ་བྱ་རྒྱུ་དེ་གཞི་རྩའི་བྱ་ཐབས་ལ་བརྩིས་ནས་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུས་ཡུལ་བབ་དང་བསྟུན་རྒྱུ་དེ་དོན་དམ་ལ་དངོས་ཐོག་བདེན་འཚོལ་རེད་ཅེས་ཁ་གསལ་བཏོན་ཡོད། འདི་ལས་ང་ཚོར་ལས་དོན་གྱི་ཁ་ཕྱོགས་གསལ་པོ་བཏོན་ཡོད། ལྷོ་ཁའི་ཐོན་ལས་འཕེལ་རྒྱས་དེ་ས་མཐོའི་དོན་དངོས་དང་རྒྱབ་འགལ་མེད་པར་ཐོན་ཁུངས་ཀྱི་དགེ་མཚན་དང་། འཕེལ་རྒྱས་ཀྱི་དུས་མཚམས། གཙོ་གཞིའི་བྱེད་ནུས་འདོན་སྤེལ་བྱ་གཞི་བཅས་ཀྱི་ཐོག་ངེས་པར་གཞི་རྐང་ཚུགས་ཐུབ་པ་བྱས་ནས། ཁྱད་ལྡན་དང་བར་ཁྱད་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དགོས། 

གྲོང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ཐོན་ལས་བརྗེ་སྒྱུར་དང་སྒུལ་ནུས་བརྗེ་རེས་ཀྱི་གཙོ་འབད་ཁ་ཕྱོགས་ནི། ཡུལ་བབ་དང་བསྟུན་པའི་ལག་ལེན་གསོན་པོ་དེ་རེད། འདི་ལས་ང་ཚོར་ཕྱོགས་གཅིག་ནས་སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་སྡོང་རྒན་ལ་འདབ་ལོ་གསར་པ་རྒྱས་ཐུབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་གོ་སྐབས་ལ་དམ་འཛིན་བྱས་ནས་ནུས་རྒྱུ་གཙང་མ་དང་དམའ་དབྱིངས་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པའི་ཐོག་བྱས་རྗེས་གསར་འཇོག་བྱས་ནས་ལྕང་གསར་རྩ་བ་རྒྱས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཐོན་ལས་དང་པོ་ལེགས་གཏོང་དང་། ཐོན་ལས་གཉིས་པ་རྒྱ་སྐྱེད། ཐོན་ལས་གསུམ་པ་མཐོར་འདེགས་བཅས་གང་ཡིན་རུང་། ཚང་མས་ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་དགོས་པའི་གཞི་རྩའི་རེ་འདུན་འདི་བརྒྱུད་རིམ་ཆ་ཚང་ལ་ཁྱབ་པ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་བྱ་ཐབས་ཁག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པ་དང་ལྷོ་ཁའི་ཞིབ་ཕྲའི་དོན་དངོས་དང་མཐུན་རྒྱུར་འགན་ལེན་བྱས་ཏེ། ལྷོ་ས་སྤུས་མཐོའི་འཕེལ་རྒྱས་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།

རྨང་གཞི་དང་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། ཐོན་ལས་དང་པོ་ལེགས་གཏོང་རྒྱུན་མཐུད་བྱེད་དགོས། ཞིང་ལས་ནི་ཆེས་རྨང་གཞིའི་འདུ་འགོད་ཅིག་ཡིན་ལ་ཁྱད་ལྡན་ཀྱི་ལན་པར་ཞིག་ཀྱང་རེད། ཐོན་ལས་དང་པོ་ལེགས་སུ་གཏོང་བར། འགག་རྩ་ནི་མ་མཐའི་མཚམས་ཐིག་ནན་སྲུང་དང་སྤུས་ཕན་མཉམ་དུ་མཐོར་འདེགས་ལ་རག་ལུས་ཡོད། ཕྱོགས་གཅིག་ས་རྨོ་ཞིང་སྲུང་སྐྱོབ་ཀྱི་མཚམས་ཐིག་ནན་སྲུང་བྱས་ནས། ཚན་རྩལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་ནུས་ཤུགས་ཡོད་རྒུས་ཡུལ་ཟོག་དར་རྒྱས་བཏང་སྟེ། ས་མཐོའི་ཀུ་ཤུ་དང་། སྟར་ཀ ཚགས་ཤ་སོགས་ཁྱད་ལྡན་ཐོན་ཟོག་ལ་དམིགས་ནས། གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ལན་པར་ཅན་བཅས་ལྡན་པའི་འཕེལ་རྒྱས་གཏོད་ཐོག་ཁྲོམ་ར་སྔར་བས་རྒྱ་ཆེ་བར་བསྐྱོད་ཐུབ་པ་བྱ་དགོས། དུས་མཚུངས་སུ། གྲོང་གསེབ་ཐོན་ལས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་གང་མགྱོགས་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་དང་གྲོང་གསེབ་ཀྱི་གློག་རྡུལ་ཚོང་ལས་སོགས་ཐོན་བབ་དང་། ལས་སྣོན། ཕྱིར་འཚོང་བཅས་ཚང་མ་ཤར་གཏོང་རྣམ་པ་འཛུགས་སྐྱོང་དང་། ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་བྱུང་བའི་དེང་རབས་གྲོང་གསེབ་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས།

ལྗང་མདོག་དང་གསར་སྤེལ་ལ་དམ་པོར་དམིགས་ཏེ། ཐོན་ལས་གཉིས་པ་རྒྱ་སྐྱེད་གང་མགྱོགས་སུ་གཏོང་དགོས། བཟོ་ལས་ནི་འདེགས་སྐྱོར་ཡག་ཤོས་དེ་ཡིན་ལ། སྒུལ་ཤུགས་ཆེ་ཤོས་དེའང་རེད། ཐོན་ལས་གཉིས་པ་རྒྱ་སྐྱེད་གཏོང་བར། གཙོ་བོ་ནི་སྒུལ་ནུས་གསར་རྙིང་མཐུན་སྦྱོར་ཤུགས་འདོན་དང་ཐོན་སྐྱེད་ནུས་གསར་མ་སྐྱེད་སྲིང་ལ་ཐུག་ཡོད། ཏང་ཀྲུང་དབྱང་གིས་ཐཱན་འབུད་དམིགས་ཚད་གཉིས་ཀྱི་སྣེ་ཁྲིད་མཐའ་འཁྱོངས་དང་ཕྱོགས་ཡོངས་ནས་ལྗང་མདོག་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཙོ་གནད་ལས་འགན་གྱི་རེ་འདུན་ལག་བསྟར་བྱེད་དགོས་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་སྟོབས་ཇེ་ཆེར་བཏང་སྟེ། ལྷོ་ཁའི་ནུས་རྒྱུ་གཙང་མའི་ལེགས་ཆ་དག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བ་བྱེད་དགོས། དམའ་དབྱིངས་དཔལ་འབྱོར་དང་། གྲངས་གཞིའི་དཔལ་འབྱོར། ཆིང་དབྱང་བཟོ་ལས། སྐྱེ་དངོས་སྨན་རྫས་སོགས་གསར་དར་ཐོན་ལས་ལ་འཆར་འགོད་དང་གཙོ་གནད་སྐྱེད་སྲིང་བྱས་ཏེ། འཕེལ་རྒྱས་ཀྱི་རིམ་པ་མཐོར་འདེགས་དང་། མཉམ་ཚོགས་གཞི་ཁྱོན་རྒྱ་སྐྱེད། ཕྱོགས་བསྡུས་ཕན་འབྲས་མཐོར་འདེགས་བཅས་ལ་སྐུལ་འདེད་བཏང་ཐོག ལྷོ་ཁའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཁྲོད་འདེགས་སྐྱོར་ནུས་ལྡན་ཞིག་ལ་གང་མགྱོགས་འགྱུར་བ་བྱེད་དགོས། ཐོན་ལས་གཉིས་པ་རྒྱ་སྐྱེད་གཏོང་བར་ངེས་པར་དུ་ལྷོ་ཁའི་དོན་དངོས་དང་འཚམ་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། དགེ་མཚན་ཅུང་ཆེ་ཞིང་ཁྲོམ་རའི་མདུན་ལྗོངས་ལེགས་པའི་ཁྱབ་ཁོངས་སུ་བར་བརྒལ་འཕེལ་རྒྱས་མངོན་འགྱུར་བྱས་ནས། ལྷོ་ཁའི་དེང་རབས་ཅན་འཛུགས་སྐྲུན་གྱི་སྒུལ་ཤུགས་བསྣན་པའི་བཟོ་ལས་ཀྱི་སྟོབས་ཤུགས་ཆེན་པོ་གཏོད་དགོས།

སྤུས་ཚད་དང་སྦྲེལ་ཐག་ལ་དམ་པོར་དམིགས་ཏེ། ཐོན་ལས་གསུམ་པ་མཐོར་འདེགས་ཧུར་ཐག་བྱེད་དགོས། ཞབས་ཞུའི་ལས་རིགས་ནི་ལས་ཞུགས་མཁོ་འདོན་བྱེད་མཁན་ཆེ་ཤོས་དེ་ཡིན་ལ། གཟུགས་བརྙན་འགྲེམས་སྟོན་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་རེད། ཐོན་ལས་གསུམ་པ་མཐོར་འདེགས་བྱེད་པར། གཙོ་གནད་ནི་རིག་གནས་ཡུལ་སྐོར་ཐོན་ལས་བཅས་ཀྱི་སྤུས་ཚད་མཐོར་འདེགས་དང་སྦྲེལ་ཐག་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱོགས་དེ་རེད། ལྷོ་ཁ་ནི་བོད་རིགགནས་ཀྱི་འབྱུང་རྩ་ཞིག་ཡིན་ཞིང་། ལོ་རྒྱུས་རིག་གས་དང་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་ཐུན་མོང་མ་ཡིན་པ་ལྡན་པས། འཆར་འགོད་སྣེ་ཁྲིད་ལ་མཐའ་འཁྱོས་བྱས་ཏེ། འགོ་འཛུགས་ས་མཐོན་པོ་དང་ཚད་གཞི་མཐོ་བའི་སྒོ་ནས་རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་འཆར་འགོད་ལས་དོན་ཡག་པོ་བསྒྲུབ་དགོས། འགྲིམ་འགྲུལ་དང་། ཞག་སྡོད། སྤྱི་པའི་ཞབས་ཞུ་སོགས་ཀྱི་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་ཏན་ཏིག་བཏང་སྟེ། ཡུལ་སྐོར་བའི་ཉམས་ལེན་མཐོ་རུ་གཏོང་དགོས། དྲིལ་བསྒྲགས་དང་ཚོང་གཉེར་ཐབས་ལམ་གསར་སྤེལ་བྱས་ཏེ། སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་སྤུས་དག་ནང་དོན་གསར་སྤེལ་དང་བོད་སྐྱོར་མཉམ་ཤུགས་བསྒྲིལ་ནས་ལྷོ་ཁའི་གཏམ་རྒྱུད་ཡག་པོ་ཤོད་དགོས། ཡུལ་སྐོར་ལམ་ཐིག་འཆར་འགོད་ཚགས་ཚུད་པོ་བྱས་ཏེ། ལོ་རྒྱུས་དང་། ཡུལ་སྲོལ། སྐྱེ་ཁམས་བཅས་དང་ཟུང་འབྲེལ་བྱས་ནས། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེ་བའི་ཡུལ་སྐོར་ལན་པར་གཏོད་དགོས། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལོ་ལྔ་ཚན་བཅོ་ལྔའི་རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་བཟོ་སྒྲིག་གི་གྲོས་གཞིའི་ནང་བཏོན་པའི་ཀ་རྟེན་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད། གཙོ་ཁྲིད་བཅས་སྐོར་གྱི་རེ་འདུན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཟ་འཐུངཞག་སྡོད་ཡུལ་སྐོར་ཚོང་ལས་རོལ་རྩེད་བཅས་ཀྱི་སྦྲེལ་ཐག་ཚང་མར་དམིགས་ཏེ། རིག་ནུས་ཡུལ་སྐོར་ཞབས་ཞུའི་མ་ལག་འཐུས་ཚང་བསྐྲུན་ནས། རིག་གནས་དང་། ཡུལ་སྐོར། ཚོང་ལས། ལུས་རྩལ་སོགས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག ཡུལ་སྐོར་བའི་ཡིད་དབང་འགུག་ཐུབ་པ་དང་། ལམ་ལ་བདེ་བགྲོད་ཐུབ་པ། ཡུལ་སྐོར་གནས་ལ་བློ་བདེ་བག་ཕེབས། སྤྲོ་སེམས་རབ་ཏུ་འཕེལ་བ་བཅས་ཐུབ་པ་བྱེད་དགོས། དུས་མཚུངས་སུ། ལྷོ་ཁ་ཉིད་ཡུལ་སྐོར་བ་ཡིད་དབང་འཕྲོག་སར་འགྱུར་བ་བྱས་ཏེ། རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དགེ་མཚན་དག་ཐོན་ལས་འཕེལ་རྒྱས་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱེད་དགོས།

འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཐོན་ལས་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་ནི། ལྷོ་ཁས་འགྲན་སློང་རྙོག་འཛིང་ཅན་ལ་ཁ་གཏད་བཅག་ནས་འཕེལ་རྒྱས་ཀྱི་རང་འགུལ་རྒྱལ་ཁ་ལེན་པའི་གཙོ་གནད་ཕྱོགས་ཤིག་ཡིན་ལ། དེ་བས་ནི་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྦྱོར་ནུས་ཤུགས་འདོན་སྤེལ་བྱེད་དགོས་སའི་མ་ལག་ཚང་བའི་ལས་གྲྭ་ཞིག་ཀྱང་ཡིན། ལོ་ལྔ་ཚན་བཅོ་ལྔར་ཁ་ཕྱོགས་ཏེ། ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་འཕེལ་རྒྱས་འདུ་ཤེས་གསར་པ་ལག་བསྟར་ཆ་ཚང་བ་དང་ཡང་དག་པ་བྱེད་དགོས་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་བབ་ལ་བསྟུན་པའི་གཞི་རྩའི་རེ་འདུན་འདི་ལག་ལེན་དུ་བསྟར་དགོས། གསར་གཏོད་སྒུལ་ཤུགས་མཐའ་འཁྱོངས་བྱས་ཐོག ཐོན་ལས་བརྗེ་སྒྱུར་དང་སྒུལ་ནུས་བརྗེ་རེས་ཀྱི་གཙོ་འབད་ཁ་ཕྱོགས་ལ་བརྟེན་ནས། འདུ་འགོད་ཚན་རིག་དང་མཐུན་པ་འཆར་འགོད་བསམ་གཞིགས་དང་། འགག་རྩའི་འཛིན་སྣེ་དམ་འཛིན་གནད་ལ་འཁེལ་བ། ཐོན་ལས་མ་ལག་འཐུས་ཚང་འཛུགས་སྐྱོང་བཅས་བྱེད་དགོས། ཐོན་ལས་དང་པོ་ལེགས་གཏོང་རྒྱུན་མཐུད་བྱེད་པའི་ཁྲོད་རྨང་གཞི་དང་ཁྱད་ལྡན་སྲ་བརྟན་དུ་གཏོང་བ་དང་། ཐོན་ལས་གཉིས་པ་རྒྱ་སྐྱེད་མྱུར་པོ་གཏོང་བའི་ཁྲོད་ལྗང་མདོག་དང་གསར་སྤེལ་འདོན་ཤུགས་ཆེ་ཏུ་གཏོང་བ། ཐོན་ལས་གསུམ་མཐོར་འདེགས་ཧུར་ཐག་གཏོང་བའི་ཁྲོད་སྤུས་ཚད་འགན་ལེན་དང་སྦྲེལ་ཐག་རིམ་སྤོར་མངོན་དུ་འགྱུར་བ་བཅས་བྱས་ཏེ། ལྷོ་ཁའི་དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་གྲངས་འབོར་འོས་འཚམ་འཕར་སྣོན་མངོན་འགྱུར་ཆེད་སྒུལ་ཤུགས་འཛད་མཐའ་མེད་པ་བསྣན་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལྷོ་ཁའི་ལག་ལེན་གྱི་ལེ་ཚན་གསར་པ་འབད་པས་རྩོམ་དགོས་སོ། །

བསོད་ནམས་དོན་གྲུབ་ཀྱིས་བསྒྱུར།

བསོད་བསྟན་དང་བདེ་དཔལ་གྱིས་ཞུས།


ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།  ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།ལོ་ཡག་མཚམས་གཅོད། བདེ་སྐྱིད་དཔལ་སྒྲོལ།

ཞུ་དག ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།བདེ་སྐྱིད་དཔལ་སྒྲོལ། ལོ་ཡག་མཚམས་གཅོད། 


免责声明: 本文信息仅供参考,具体政策以官方最新发布为准。如有疑问,请拨打相关部门咨询电话或前往官方网站查询。

评论 (2)

苏州市民2026-03-18 15:30

非常实用的信息,感谢分享!

科技爱好者2026-03-18 14:20

这篇文章写得很详细,有帮助!