ཡར་ཀླུང་ནང་རིག་གནས་སྒྱུ་རྩལ་ཁྲོམ་ར་དེ་རིང་ནས་ཕྱི་ཕྱོགས་སུ་སྒོ་ཕྱེ་རྒྱུ་ཡིན་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ཚོར་སྤྲོ་གསེང་རོལ་རྩེད་གཅིག་འཐུས་ཞབས་ཞུ་མཁོ་འདོན་ཡོད།
ཉེ་ཆར། གསར་འགོད་པས་ལྷོ་ཁའི་ཡར་ཀླུང་ནང་རིག་གནས་སྒྱུ་རྩལ་ཁྲོམ་ར་གནས་ཁུལ་དུ་བསྐྱོད་སྐབས། ཁྲོམ་ར་ཕྱི་ཕྱོགས་སུ་སྒོ་དབྱེ་བའི་སྟ་གོན་ཡོངས་སུ་ལེགས་གྲུབ་བྱུང་འདུག དེའང་། ཁྲོམ་རའི་བཀོད་པ་མཛེས་བཟོ་དང་། ལས་གཉེར་རིགས་དབྱེ། ཁོར་ཡུག་རྣམ་པ་བསྐྲུན་ཕྱོགས། སྒོ་དབྱེའི་མཛད་སྒོའི་ཇུས་འགོད་སོགས་ཕྱོགས་ཡོངས་ནས་ལེགས་སུ་གྲུབ་ནས། འཛད་སྤྱོད་པ་ཚོར་ཁྲོམ་རའི་རྣམ་པ་གསར་རྐྱང་ཐོག་ནས་སྒོ་ཕྱེ་སྟེ། ལྷོ་ཁའི་ཡུལ་སྐོར་རིག་གནས་དང་འབྲེལ་བའི་འཛད་སྤྱོད་ནང་དོན་ཕུན་སུམ་ཇེ་ཚོགས་མཁོ་འདོན་བྱ་རྒྱུ་མ་ཟད། གྲོང་མི་ཚོ་དང་ཡུལ་སྐོར་བ་ཚོར་སྤྲོ་སྐྱིད་རོལ་རྩེད་ལ་ཕེབས་སྒུག་ཞུས་ནས་འདུག
ཡར་ཀླུང་རིག་གནས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་སུ་བྱས་ཤིང་། ཡར་ཀླུང་ནང་ཁྲོམ་རར་ལྗགས་སྨིན་དང་། སྤྲོ་སྐྱིད། མངོན་མིན་རིག་གནས་ཤུལ་བཞག འཁྲབ་སྟོན་སོགས་ལས་གཉེར་ཁྱབ་ཁོངས་སྣེ་མང་གཞི་གཅིག་ཐིམས་པའི་བཀོད་པ་སྒྲིག་ཡོད། ལྗགས་སྨིན་ལས་གཉེར་ཁུལ་དུ། བོད་ཀྱི་སྲོལ་རྒྱུན་གཡོས་སྦྱོར་རིག་གནས་རྒྱུན་འཛིན་ལས་གྲུབ་པའི་བོད་ཟས་དང་། དེང་རབས་ཀྱི་ཁྱད་ལྡན་སིལ་ཟས་དང་འཐུང་བྱ་སྣ་ཚོགས་བཅས་གང་མཁོ་ཅི་དགོས་ཡོད་པ་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁུལ་དུ་བོད་ཀྱི་བཟོ་ལས་རྩལ་ལས་འཁྲུངས་པའི་ཐང་ག་དང་། གཟིམ་སྤོས། སྣམ་བུ་སོགས་ཡོད་པ་མ་ཟད། ཡུལ་སྐོར་བ་དང་གྲོང་མི་ཚོས་ས་གནས་ས་ཐོག་ཏུ་སྲོལ་རྒྱུན་བཟོ་རྩལ་ཉམས་ལེན་བྱས་ནས། བོད་འབྱུང་ལྷོ་ཁའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ཆོག
ལྷག་པར་དུ་དེ་རིང་དགོང་མོར། ཡར་ཀླུང་ནང་ཁྲོམ་ར་སྒོ་མོ་ཕྱེ་ནས། ཚོན་བཀྲའི་ཤོག་སྦག་སྤར་འགྲེམས་དང་མི་མེད་གནམ་གྲུའི་མཁའ་འཕུར་འཁྲབ་སྟོན་བྱ་རྒྱུ་མ་ཟད། ཐོག་བརྩེགས་གཉིས་པར། གླུ་པ་གཞས་མ་གདན་ཞུ་བྱས་ནས་གླུ་དབྱངས་གཏོང་ལེན་དང་། ཆེད་ལས་འཁྲབ་སྟོན་པའི་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བའི་ཡིག་གཟུགས་དང་། མཛེས་རིས། པར་རིས་བཅས་མུ་འབྲེལ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། དེ་མིན། ལྷོ་ནུབ་ས་ཁོངས་ཀྱི་སྒུལ་ཤུགས་མེད་པའི་མཁའ་སྙེག་རི་བརྩེགས་ལུས་རྩལ་ཉམས་ལེན་རྣམ་གྲངས་ཏེ། ཡར་ཆབ་རུ་བསྟར་བསྐོར་སྒྲིག་ཅེས་པ་དེའང་། ཟླ་5པའི་ཚེས་1ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ་རེད།
དམངས་སྲོལ་རིག་གནས་ཀྱིས་ཕྱུག་ཅིང་། སྤྲོ་སྐྱིད་ཁོར་ཡུག་སྣེ་འཛོམས། ལེ་ལག་ཞབས་ཞུ་ཚང་བ། གྲོང་མི་དང་ཡུལ་སྐོར་བའི་སྤྲོ་འཆམ་བསྟི་གནས་བཅས་དམིགས་སུ་བཟུང་བའི། ལྷོ་ཁའི་ཡར་ཀླུང་ནང་ཁྲོམ་ར་དངོས་སུ་སྒོ་ཕྱེ་བ་ལས། ལྷོ་ཁའི་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྒུལ་ཤུགས་གསར་པ་ཞིག་བསྣན་རྒྱུ་ནི་སྨོས་མེད་ལགས། །
བསོད་ནམས་དོན་གྲུབ་ཀྱིས་བསྒྱུར། བསོད་ཡེ་བདེས་ཞུས།
ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བདེ་སྐྱིད་དཔལ་སྒྲོལ།
ཞུ་དག ཡེ་ཤེས་བཟང་མོ། བསོད་ནམས་དོན་གྲུབ།